 |
གླིང་སྒྲུང་ཆེད་མཁས་པ་གཅོད་པ་དོན་གྲུབ། |
| རྩོམ་པ་པོ། |
མི་གསལ། |
| རྩོམ་སྒྲིག་པ། |
admin |
| ཡོངས་ཁུངས། |
ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བ། |
| དུས་ཚོད། |
2009-5-15 |
| >>རྩོམ་ཡོངས་ཀློག་པ། |
སྤྱི་ལོ1950ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་འགག་རྒྱལ་ར་སྡེ་ཆེན་དུ་སྐྱེས། རང་ལོ་དྲུག་བདུན་ལོན་པ་ནས་བཟུང་རྒྱལ་རའི་སློབ་ཆུང་དང་ར་གོང་མའི་སློབ་ཆུང་དུ་ཞུགས་ཏེ་རིག་གནས་ཀྱི་རྨང་གཞི་བཏིང་། སྤྱི་ལོ1964ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དགེ་ཐོན་སློབ་གྲྭར་ཞུགས་ནས་བོད་ཡིག་དང་རྒྱ་ཡིག་བཅས་ལ་སྦྱངས་པ་བྱས། སྤྱི་ལོ1970ལོར་མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་ལོ་འཁོར་ལྔ་དྲུག་ཙམ་ལ་འབྲོག་པའི་སློབ་ཆུང་གི་དགེ་རྒན་གྱི་འགན་ཁུར། སྤྱི་ལོ1978ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཅིང་། སློབ་གྲྭ་རུ་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག ལོ་རྒྱུས། གནའ་རྩོམ། ཚད་མ། ཡིག་སྒྱུར་བཅས་པར་སྦྱངས་པ་གང་ལེགས་བྱས། སྤྱི་ལོ1981ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་འགན་བླངས། 1982ལོར་བྱ་བའི་དགོས་མཁོ་དབང་གིས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་ལས་གནས་སྤོར་ཞིང་། སྔ་ཕྱིར་རྫོང་རིག་སློབ་ཁང་གི་འགོ་འཛིན་པ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་ལས་འགན་ཁུར། སྤྱི་ལོ1986ལོར་རྩ་འཛུགས་ཀྱིས་བཀོད་སྒྲིག་ལྟར་མཚོ་སྔོན་ཞིང་ཆེན་གླིང་གེ་སར་སྒྲུང་ཞིབ་འཇུག་ཁང་དུ་ལས་གནས་སྤོར་བ་དང་། ད་བར་དུ་གླིང་སྒྲུང་བྱ་བ་བསྒྲུབས་དང་སྒྲུབ་བཞིན་མཆིས། ད་ལྟ་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་འཛིན་པའི་འགན་བླངས་ཡོད་ཅིང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་ཚོགས་པའི་རྒྱུན་ལས་ལས་འཛིན་པ་དང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི《གེ་སར་སྒྲུང》སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན《གེ་སར་སྒྲུང》སློབ་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པ་དང་དགུ་བའི་སྲིད་གྲོས་ཨུ་ཡོན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སྡེ་ཁག་གི《གེ་སར་སྒྲུང》ཞིབ་འཇུག་སློབ་མའི་སློབ་དཔོན་བཅས་ཀྱི་འགན་ཁུར་ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་པའི་ཆེད་ལས་མཁས་པ་དང་ཞིབ་འཇུག་པ་ཆེན་མོའི་ཐོབ་ཐང་ཡང་གནང་ཡོད། སྤྱི་ལོ1983ལོའི་ཚུན་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཅས་ཀྱིས་དཔར་སྐྲུན་བྱས་པའི་དཔེ་ཆ་སྟེ། 《བོད་ཀྱི་གབ་ཚིག་ཕྱོགས་སྒྲིག》དང《འདན་མའི་ནས་རྫོང་ཕབ་པ》《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང》《གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས》《མདོ་སྨད་ཡུལ་གྱི་ངག་རྩོམ་པདྨ་ཆུན་པོ》《གླིང་སྒྲུང་ཁྱུང་ཚ་སྤུན་ལྔ》《སྙིང་གཏམ་ཤེལ་དཀར་མེ་ལོང》《བརྩེ་དུང་གི་མིག་ཆུ》《གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་ཕྲེང་མཛེས》《གླིང་གེ་སར་སྒྲུང་གི་ཚིག་རྒྱན་ནོར་བུའི་བང་མཛོད》《གླིང་སྒྲུང་བཀྲ་ཤིས་སྨོན་ལམ་ལྔ》《གངས་རིའི་བརྩེ་དུང》《ཆབ་འགག་ཡུལ་གྱི་ལོ་རྒྱུས》《གླིང་གེ་སར་སྒྲུང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང》《ལྷ་གླིང་གབ་ཙེ་དགུ་སྐོར》《གླིང་སྒྲུང་ཤན་འདན་ནང་འཁྲུག》《གླིང་གེ་སར་སྒྲུང་གི་དཀའ་གནད་གསལ་བའི་སྒྲོན་མེ》《རྨ་འབྲིའི་འབྱུང་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན》《བྱ་ནག་སྤུན་གསུམ》《གཅོད་པ་དོན་གྲུབ་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས》བཅས་དཔེ་ཆ་ཉི་ཤུ་ལྷག་ཡོད་ཅིང་། 《གླིང་གེ་སར་སྒྲུང་གི་བྱིས་པའི་རྩོམ་རིག་དཔེ་ཚོགས》དང《མཚོ་སྔོན་པའི་གླུ་སྒྲ》《གེ་སར་སྒྲུང་གི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་བསྒྲིགས》《མཚོ་སྔོན་གྱི་གེ་སར་སྒྲུང་བའི་དཔེ་ཚོགས》《བོད་རིགས་དམངས་ཁྲོད་ཀྱི་མིག་མངས་སྒྱུ་རྩལ》《རྒྱལ་སྤྱི་གེ་སར་སྒྲུང་རིག་གཞུང་གྲོས་ཚོགས་ཐེངས་ལྔ་བའི་དཔྱད་རྩོམ་ཕྱོགས་བསྡུས》བཅས་ཀྱི་གཙོ་སྒྲིག་པའི་འགན་ཁུར། གོང་གསལ་གྱི་བརྩམས་ཆོས་ཕལ་ཆེར་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་མང་པོར་ཐོབ་མྱོང་། ཁྱད་པར་དུ《བརྩེ་དུང་གི་མིག་ཆུ》དང《གངས་རིའི་བརྩེ་དུང》གཉིས་ལ་རྒྱལ་ཡོངས་ཀྱི་རྟ་མཆོག་རྟགས་མའི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ་པ་དང་། 《སྙིང་གཏམ་ཤེལ་དཀར་མེ་ལོང》དང《བྱ་ནག་སྤུན་གསུམ》ལ་རྒྱལ་ཡོངས་གངས་རྒྱན་རྟགས་མའི་རྩོམ་རིག་གི་བྱ་དགའ་ཐོབ། གཞན་ཡང་ཞིབ་འཇུག་ཆེད་རྩོམ་ལ《གླིང་སྒྲུང་གི་རྗོད་བྱེད་ཚིག་གི་ཁྱད་ཆོས་ལ་དཔྱད་པ》དང《སྒྲུང་བའི་རིགས་ལ་དཔྱད་པ》《གླིང་གེ་སར་རྒྱལ་པོའི་སྐྱེས་རབས་ལོ་རྒྱུས་ལ་དཔྱད་པ》《བོད་སོག་གེ་སར་སྒྲུང་གི་འབྲེལ་བར་དཔྱད་པ》《གླིང་སྒྲུང་ལས་གཏེར་སྒྲུང་རིགས་ལ་དཔྱད་པ》《གླིང་སྒྲུང་དང་ཆོས་ལུགས་བར་གྱི་འབྲེལ་བ》《ཆབ་འགག་ཡུལ་གྱི་དམངས་ཁྲོད་རྩོམ་རིག་ལ་དཔྱད་པ》《བོད་ཀྱི་དེང་རབས་རྩོམ་རིག་ལ་དཔྱད་པ》《སྐུ་འབུམ་དགོན་པའི་ལོ་རྒྱུས་ལ་དཔྱད་པ》བཅས་ལྔ་བཅུ་ལྷག་བྲིས་ནས《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》བཅས་རྒྱལ་ཁབ་རིམ་པ་དང་ཞིང་ལྗོངས་རིམ་པའི་དུས་དེབ་སྟེང་དུ་བཀོད་ཡོད། སྤྱི་ལོ1993ལོ་ནས་བཟུང་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གསུམ་བསྒྲུབས་དང་སྒྲུབ་བཞིན་མཆིས། ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་ལྔ་བསྒྲུབས་ཤིང་། འབྲེལ་ཡོད་སྡེ་ཁག་གིས་གདེང་འཇོག་ཀྱང་མཐོན་པོ་གནང་། སྤྱི་ལོ1989ལོ་ནས་བཟུང་སྔ་ཕྱིར་སི་ཁྲོན་དང་བོད་ལྗོངས། ནང་སོག ཀན་སུའུ། མཚོ་སྔོན་བཅས་སུ་རྒྱལ་སྤྱིའི་གེ་སར་སྒྲུང་རིག་གཞུང་གྲོས་ཚོགས་ཐེངས་དང་པོ་ནས་ཐེངས་དྲུག་པའི་བར་ཆད་མེད་དུ་ཞུགས་ཤིང་། ཆེད་རྩོམ་ཡང་སྒྲོག་འདོན་བགྱིས། སྤྱི་ལོ1995ལོ་ནས2006བར་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱིས་གདན་འདྲེན་ཞུས་པ་ལྟར། སྔ་ཕྱིར་ཨོ་སི་ཁྲི་རུ་ཡ་དང་། ཨ་མེ་རི་ཀ ཧི་ལན། འཇར་མན་བཅས་སུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་གྲོས་ཚོགས་ཐེངས་བདུན་པ་བརྒྱད་པ། དགུ་བ། བཅུ་གཅིག་པ་བཅས་ལ་ཞུགས་ཤིང་། ཚོགས་ཐོག་ཏུ་གླིང་སྒྲུང་བཅས་ཀྱི་ཆེད་རྩོམ་སྒྲོག་འདོན་བྱས། 2002ལོར། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་པའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་ཁུར་ནས་འཇར་མན་དང་ཧྥ་རན་སི། ཕུའུ་ཐའོ་ཡ་བཅས་རྒྱལ་ཁབ་གསུམ་ལ་བགྲོད་ནས་རིག་གཞུང་བརྗེ་རེས་བྱ་འགུལ་སྤེལ། སྤྱི་ལོ1997ལོར་རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས“གེ་སར་སྒྲུང་མྱུར་སྐྱོབ་དང་ཞིབ་འཇུག་བྱ་བ་ཁྲོད་བྱས་རྗེས་མངོན་གསལ་བླངས་པའི་ཕུལ་བྱུང་མི་སྣའི”མཚན་སྙན་གནང་། སྤྱི་ལོ2004ལོར་རྒྱལ་ཁབ་མི་དོན་པུའུ་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས“རྒྱལ་ཡོངས་ཀུན་སྤྱོད་དང་ཤེས་རིག་གཉིས་ལྡན་གྱི་གཞོན་དར་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན”གྱི་མཚན་སྙན་གནང་།
|
རྩོམ་གོང་མ། 没有信息了! རྩོམ་ཞོལ་མ། 没有信息了!