རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->> གྲུབ་འབྲས།
དམངས་རྩོམ་གྱི་གོ་དོན་དང་རིན་ཐང་ལ་སྦྲེལ་ཏེ་གེ་སར་སྒྲུང་ལ་དཔྱད་པ།༢
གཉིས། གླིང་སྒྲུང་དམངས་ཁྲོད་རྩོམ་རིག་གི་ཁྱབ་ཁོངས་ཡིན་ཚུལ་བསྟན་པ།
རྩོམ་རིག་རྣམ་པའི་སྟེང་ནས་དབྱེ་ན་དམངས་ཁྲོད་རྩོམ་རིག་ལ་རིགས་གསུམ་དུ་དབྱེ་ཆོག་སྟེ།
དང་པོ། དམངས་ཁྲོད་ལྷུག་རྩོམ་གྱི་སྐོར་ལ། ལྷ་སྒྲུང་། ངག་རྒྱུན། གནའ་གཏམ་སོགས་ངག་ལ་གྱེར་མི་དགོས་ཤིང་ཚིགས་བཅད་མིན་པའི་སྐོར་ཡིན་ཞིང་། འདིའི་ནང་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད། རྒོད་གཏམ། བྱིས་སྒྲུང་ལ་སོགས་ཚིག་ལྷུག་ཡིན་པའི་སྐོར་མང་པོ་འདུས་ཡོད།
གཉིས་པ། དབྱངས་སྟབས་དམངས་རྩོམ་གྱི་སྐོར་ལ། དམངས་གླུ། གཞས། དམངས་ཁྲོད་དོན་བརྗོད་སྙན་རྩོམ། གཏམ་དཔེ་ཁེལ་ལམ་གབ་ཚིག རྒྱའི་ལྕེ་རྩལ་སྦྱོང་ཐབས་སོགས་འདུས།
གསུམ་པ། གྱེར་བཤད་དམངས་རྩོམ་ལ་གླིང་སྒྲུང་དང་འབེལ་གར། དམངས་ཁྲོད་ཟློས་གར། ཁ་ཤགས་ལྟ་བུའོ། །གཞས་མ་གཏམ་སོགས་ཀྱང་འདུས་ཡོད། དམངས་ཁྲོད་རྩོམ་རིག་གི་རྣམ་པ་གོང་གི་ཁྱབ་ཁོངས་ལྟར་དབྱེ་ན་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་དང་མཐུན་ཞིང་མིང་བརྡ་དམངས་ཁྲོད་རྩོམ་རིག་ཅེས་པའི་དོན་དང་ཉེ་བར་འདུག འདིའི་ཁྲོད་ནས་གཞས་མ་གཏམ་དང་གླིང་སྒྲུང་། འབེ་གར་ལྟ་བུ་ཡིན་ན་བལྟས་འཇོག་གིས་ལས་གཉེར་རང་བཞིན་ཅུང་ལྡན་དེ། འདི་དག་ལ་བསྟེན་ནས་དཔལ་འབྱོར་ཡོང་སྒོ་འཚོལ་མཁན་ཡོད་པ་མ་ཟད། ཆེད་དུ་གླིང་སྒྲུང་བཤད་མཁན་དང་གཞས་མ་གཏམ་བཤད་མཁན་ཡོད་ལ་ཁོ་ཚོ་རང་གིས་ལས་སྣོན་དང་གསར་སྐྲུན་བྱེད་བཞིན་ཡོད། དཔེར་ན་སྒྲུང་བ་ཚེ་རིང་དབང་འདུས་ཀྱིས་བཤད་པའི་སྒྲུང་། གྲགས་པས་བཤད་པའི་སྒྲུང་ཞེས་སྒྲུང་བ་རང་ཉིད་ཀྱི་ལྟ་བ་དང་དད་མོས་སོགས་ཅུང་འདྲེས་ཡོད་པས་མིང་དེ་ལྟར་འདོག་དགོས་པར་འདུག དེ་བས་གཞས་མ་གཏམ་ལ་མཚོན་ན་མི་སྒེར་གྱི་ཁྱད་ཆོས་ཁ་མདོག་བགོས་ཡོད་པས་སྲོལ་རྒྱུན་དང་གྱེར་བཤད་མཁན་པོའི་མིང་བཏགས་མེད་པ་དམངས་ཁྲོད་རྩོམ་རིག་ཏུ་འཇོག་ལ། གྱེར་བཤད་མཁན་གྱི་མིང་བཏགས་ཡོད་པ་མི་སྒེར་གྱིས་གསར་སྐྲུན་བྱས་པར་ངོས་འཛིན་བཞིན་ཡོད། སྔོན་རབས་སུ་དམངས་ཁྲོད་རྩོམ་རིག་ནི་དམངས་ཡོངས་ལ་དབང་བའི་ངག་ཐོག་གི་རྩོམ་རིག་ཅིག་ཏུ་བཤད་ལ། དེའི་རྣམ་པར་གཙོ་བོ་ངལ་རྩོལ་གྱི་གླུ་དང་བཤད་པ་བསྟོད་ཚིག ལྷ་སྒྲུང་། དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་སོགས་སུ་དབྱེའོ། །
གླིང་སྒྲུང་ནི་སྒྲུང་བཤད་མཁན་གྱི་ངག་ཐོག་དང་སྒྲིག་མཁན་གྱི་ལག་ཐོག་བརྒྱུད་པས། སྒྲུང་ལ་ལར་མི་སྒེར་གྱི་བསམ་བློའི་ལྟ་བ་དང་གྲུབ་མཐའི་ཆོས་ལུགས་ཀྱི་དགོངས་པ་འདྲེས་ཡོད་ནའང་། གླིང་སྒྲུང་གི་སྤྱིའི་གྲུབ་སྟངས་ཀྱི་ཆ་ནས་མི་སྒེར་སུ་ཞིག་གི་ཡིན་པའི་བཤད་ཚུལ་མེད། དེ་ནི་དུས་རིམ་མང་པོའི་ནང་བོད་རིགས་མི་དམངས་ནས་གསར་བཟོ་དང་བརྒྱུད་སྤེལ་བྱས་པ་ཡིན། དེ་བས་དེ་ལ་དམངས་ཁྲོད་རྩོམ་རིག་གི་ཐུན་མོང་རང་བཞིན་དང་ངག་ཐོག་ནས་བརྒྱུད་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་དེ་ནི་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་ལ། སྐབས་ཐོག་སྒྲུང་གྱེར་བཤད་བྱེད་མཁན་སུ་ཡིན་ན་དེའི་བསམ་བློ་དང་ལྟ་བ་སོགས་འདྲེས་ནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། སྒྲུང་བའི་གྱེར་བཤད་ཀྱི་ནུས་བ་དང་རིག་སྟོབས་ཀྱི་དབང་གིས་སྒྲུང་སྣ་གཅིག་ལའང་ནང་དོན་དང་རིང་ཐུང་། ཁྱད་ཆོས་སོགས་མི་འདྲ་བ་འབྱུང་བཞིན་ཡོད། དམངས་རྩོམ་སྤྱིའི་སྟེང་ནས་བལྟས་ན་གླིང་སྒྲུང་དམངས་རྩོམ་གྱི་ཁྱབ་ཁོངས་གྱེར་བཤད་དམངས་རྩོམ་ལ་གཏོགས་མོད། གླིང་སྒྲུང་གི་བརྗོད་བྱའི་ནང་དོན་ལའང་རྟ་བཤད་དང་ཆང་བཤད། གཏམ་དཔེ་སོགས་དམངས་རྩོམ་ཡང་འདུས་ཡོད་པས་དེ་གཉིས་ལ་འོ་ཆུ་ལྟ་བུའི་འདྲེས་རུང་གི་འབྲེལ་བའང་ཡོད་དོ། །
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












