རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->> གྲུབ་འབྲས།
དམངས་རྩོམ་གྱི་གོ་དོན་དང་རིན་ཐང་ལ་སྦྲེལ་ཏེ་གེ་སར་སྒྲུང་ལ་དཔྱད་པ།༣
གསུམ། དམངས་ཁྲོད་རྩོམ་རིག་གི་ངོ་བོའམ་རང་བཞིན་གྱི་སྟེང་ནས་གླིང་སྒྲུང་བཤད་པ།
འདིར་བཤད་པའི་དམངས་ཁྲོད་རྩོམ་རིག་ངོ་བོ་ནི་ཁོའི་རྩ་བའི་རང་བཞིན་སྟེ། དམངས་ཁྲོད་རྩོམ་རིག་ནི་རྩོམ་རིག་སྒྱུ་རྩལ་གྱི་སྣང་ཚུལ་ཞིག་ཡིན་པ་མ་ཟད། དམངས་སྲོལ་རིག་གནས་ཀྱི་སྣང་ཚུལ་ཞིག་ཀྱང་ཡིན་པས་ངོ་བོ་གཉིས་འཛོམས་ཡིན། གླིང་སྒྲུང་ཡང་དམངས་ཁྲོད་རྩོམ་རིག་གི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་པ་མ་ཟད། རྩོམ་རིག་སྒྱུ་རྩལ་གྱི་རང་བཞིན་དང་དམངས་སྲོལ་ནང་དོན་ཡང་འཛོམས་པོ་ཡོད་པས་གཤམ་ནས་དམངས་ཁྲོད་རྩོམ་རིག་གི་ངོ་བོ་དང་སྦྲེལ་ནས་བཤད་པར་བྱའོ།།
གཅིག དམངས་རྩོམ་གླིང་སྒྲུང་གི་སྒྱུ་རྩལ་རང་བཞིན། དམངས་ཁྲོད་རྩོམ་རིག་ནི་སྒྱུ་རྩལ་གྱི་སྣང་ཚུལ་ཞིག་ཡིན་ཏེ། སྐད་ཆ་རྣམ་པ་གཙོ་བོར་བཟུང་ཞིང་སྣང་བརྙན་གསོན་པོས་དངོས་ཡོད་རང་བྱུང་རྣམ་པ་སྣང་བར་བྱེད་ཐུབ་པའི་སྒྱུ་རྩལ་ཞིག་ཡིན། དེ་ནི་རྩོམ་པ་པོའི་རྩོམ་རིག་དང་ཁྱད་པར་ཆེན་པོ་ཡོད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། དམངས་ཁྲོད་རྩོམ་རིག་ལ་རྩོམ་རིག་གི་མཛེས་རྟོག་ཁྱད་ཆོས་དང་མཉམ་དུ་འཁྲབ་སྟོན་རང་བཞིན་ཡང་ཡོད་པས་དེ་ནི་སྒྱུ་རྩལ་ཞིག་ཏུ་ག་ལ་མི་བརྩི། དཔེར་ན་གླིང་སྒྲུང་ལྟ་བུར་མཚོན་ན་སྐད་ཆའི་ཉིང་བཅུད་དང་སྒྲིག་གཞིའི་གོ་རིམ་བཅས་ལ་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ཡོངས་སུ་ཚང་ལ། སྒྲུང་མཁན་གྱི་གྱེར་བཤད་དང་དེའི་ཕྱག་རྒྱ་དང་ཕྱིའི་རྣམ་འགྱུར། སེམས་ཀྱི་བརྩེ་དུང་དང་དབྱངས་ཀྱི་སྙན་ཆ་བཅས་ཚང་མ་སྒྱུ་རྩལ་མ་རེད་སུས་ཟེར་ཐུབ། དེ་ལ་སྒྱུ་རྩལ་འཁྲབ་སྟོན་གྱི་ཁྱད་ཆོས་སམ་འཁྲབ་སྟོན་ཁྱད་ཆོས་ཤིག་ཀྱང་ལྡན་དེ། འཁྲབ་སྟོན་གྱེར་བཤད་མཁན་སྒྲུང་བ་རང་དང་སྒྲུང་གང་རུང་ཞིག་ལ་གྱེར་བཤད་ཀྱི་ནང་དོན་ལྡན་པ་མ་ཟད། སྒྲུང་རྟ་ཡང་མི་འདྲ་བ་སྣ་ཚོགས་ཅིག་དགོས་ཏེ། སྤྱི་དཔོན་གྱི་དལ་བ་རིང་མོ། གུང་སྨན་རྒྱལ་མོའི་ཁམས་གསུམ་ཟིལ་གནོན། གེ་སར་རྒྱལ་པོའི་ཁྲོམ་ཆེན་ཟིལ་གནོན། ཁྲོ་ཐུང་གི་སྟག་མོའི་ངར་གླུ། རྒྱ་ཚའི་དཀར་སེང་དྲུག་འགྱུར། ཤན་པའི་ཕྲེང་རིང་ཆུ་བོ་དལ་འབབ། འབྲུག་མོའི་དགུ་སྲིང་དྲུག་འགྱུར་རམ་སེར་མོའི་ན་རན་ཁུགས་འགྱུར་སོགས་མང་པོ་ཡོད་པས་སྒྲུང་མཁན་ལ་སྒྱུ་རྩལ་པ་བཟང་བོ་ཞིག་གི་ནུས་རྩལ་དེ་ཡོད་དགོས། སྒྱུ་རྩལ་དེ་འཁྲབ་སྟོན་བྱེད་སའི་ཁོར་ཡུག་དང་སྒྲུང་ཞྭ་སོགས་ཡོ་ཆས། སྒྱུ་རྩལ་དེ་རོལ་མྱོང་བྱེད་མཁན་གྱི་ལྟ་མཁན་དང་ཉན་མཁན་གྱི་མང་ཚོགས་བཅས་དགོས་པས་དེ་ལ་སྒྱུ་རྩལ་རང་བཞིན་ཟབ་མོ་ཞིག་ཡོད། དེ་བཞིན་དམངས་ཁྲོད་རྩོམ་རིག་གི་མཛེས་རྟོག་དང་སྐད་ཆའི་སྒྱུ་རྩལ། འཁྲབ་སྟོན་བཅས་ཀྱི་སྒྱུ་རྩལ་ལྡན། །
སྒྱུ་རྩལ་རང་བཞིན་གྱི་ཟུར་ནས་དམངས་ཁྲོད་རྩོམ་རིག་གླིང་སྒྲུང་ལ་ཞིབ་འཇུག་བྱས་ན་རྩོམ་རིག་སྒྱུ་རྩལ་རིག་པའི་ཞིབ་འཇུག་ཅིག་སྟེ། རྩོམ་རིག་སྒྱུ་རྩལ་རིག་པ་ནི་རྩོམ་རིག་སྣ་ཚོགས་ཀྱི་སྒྱུ་རྩལ་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་པས་སོ། །རྩོམ་རིག་སྒྱུ་རྩལ་རིག་པའི་ནང་དེ་ལའང་རྩོམ་པ་པོའི་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གཉིས་འདུས་དགོས། དེ་བས་དམངས་ཁྲོད་རྩོམ་རིག་གླིང་སྒྲུང་འདི་ལ་རྩོམ་རིག་སྒྱུ་རྩལ་གྱི་ཆ་ནས་བལྟས་ན་བརྗོད་དོན་ཟབ་ཅིང་སྒྲིག་གཞི་རྒྱ་ཆེ་ཞིང་། ཕུན་སུམ་ཚོགས་པའི་དོན་རྣམས་བཅད་ལྷུག་སྤེལ་མའི་ལམ་ནས་བརྩམས་ཤིང་། བཅད་པ་རྣམས་གྱེར་ཞིང་ལྷུག་པ་རྣམས་བཤད་པའི་གོ་རིམ་ལྡན། དངོས་ཡོད་འཚོ་བ་དང་འཆར་ཡན་རིང་ལུགས་ཟུང་དུ་སྦྲེལ་བ། ཚིག་རྒྱན་གྱི་བཀོལ་སྤྱོད་ཕུན་སུམ་ཚོགས་ཤིང་ལྟ་འདོད་ཅིང་ཉན་སྤྲོ་ལ། གོ་སླ་ཞིང་སྦྱོར་བདེ་བའི་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་འབུར་དུ་ཐོན་པ་ཡང་དེའི་ངོ་བོ་ལ་སྒྱུ་རྩལ་གྱི་རང་བཞིན་ཡོད་པས་སོ། །
གཉིས། དམངས་རྩོམ་གླིང་སྒྲུང་གི་དམངས་སྲོལ་རང་བཞིན། དམངས་ཁྲོད་རྩོམ་རིག་ནི་དམངས་སྲོལ་རིག་གནས་ཀྱི་སྣང་ཚུལ་ཞིག་སྟེ། དེ་ལ་ཕྱོགས་གཉིས་ནས་གོ་བ་ལེན་དགོས། གཅིག་ནི་དམངས་ཁྲོད་རྩོམ་རིག་གླིང་སྒྲུང་སོགས་འབྱུང་ཁུངས་དང་གནས་སྟངས་ལ་ལྟ་དགོས། དམངས་ཁྲོད་རྩོམ་རིག་ནི་རྩོམ་པ་པོའི་རྩོམ་རིག་ལས་ཀྱང་འཚོ་བར་འབྲེལ་བ་ཟབ་མོ་ཡོད་དེ། ངག་ཐོག་ནས་གསར་སྐྲུན་བྱེད་པ་དང་འཁྲབ་སྟོན་བྱེད་པ་ཁོ་རང་འཚོ་བའི་ཆ་ཤས་སུ་གྲུབ་ཡོད། དམངས་ཚོགས་ཀྱི་ངག་ཐོག་གསར་སྐྲུན་དང་བེད་སྤྱོད་ཚང་མ་དམིགས་སུ་བྱས་པ་ཞིག་མིན་པར་རང་བྱུང་གིས་གྲུབ་པ་ཞིག་སྟེ། སྤྲོ་སྣང་དང་ངལ་རྩོལ་དགོས་མཁོ་འམ་ནང་སེམས་ཀྱི་ཚོར་བའི་དབང་གིས་ཐོལ་བྱུང་དུ་གྲུབ་པ་ཞིག་རེད། གླིང་སྒྲུང་སོགས་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་དང་སྒྱུ་རྩལ་རྣམ་པ་ལའང་དམངས་ཁྲོད་ཀྱི་ཁྱད་ཆོས་ཡོད་པས། དེ་ཡང་ཚད་ངེས་ཅན་ཞིག་ནས་བལྟས་ན་དམངས་སྲོལ་རིག་གནས་ཀྱི་རང་བཞིན་ལྡན། གཉིས་སུ་གླིང་སྒྲུང་སོགས་དམངས་ཁྲོད་རྩོམ་རིག་དག་གི་རིག་པའི་ཁྱབ་ཁོངས་གང་ལ་གཏོགས་མིན་གྱི་ཆ་ནས་བལྟས་ནའང་། དམངས་ཁྲོད་རྩོམ་རིག་ནི་དམངས་སྲོལ་རིག་པའི་གྲུབ་ཆ་ཞིག་སྟེ། དམངས་སྲོལ་ལམ་གོམས་སྲོལ་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་དམངས་ཚོགས་ཡོངས་ཀྱིས་གསར་སྐྲུན། ལྷན་ཏུ་རོལ་མྱོང་དང་བརྒྱུད་སྤེལ་བྱེད་པའི་འཚོ་བའི་རིག་གནས་ཤིག་རེད། དེ་ལ་ཟང་ཟིང་དམངས་སྲོལ། སྤྱི་ཚོགས་དམངས་སྲོལ། བསམ་བློའི་དམངས་སྲོལ། ངག་བརྡ་དམངས་སྲོལ་བཅས་རིགས་ཆེན་པོ་བཞི་རུ་བྱས་ཡོད་དེ། བོད་ཀྱི་སྲོལ་རྒྱུན་རིག་གནས་ལྟར་ན་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུ་ཐུབ། དེའི་ཁྲོད་ཀྱི་ངག་བརྡ་དམངས་སྲོལ་ལ་རྒྱ་ཆེ་བའི་གོ་དོན་ཞིག་ཡོད་དེ་དམངས་ཁྲོད་ངག་བརྡ་དང་དམངས་ཁྲོད་རྩོམ་རིག་གཉིས་འདུས་ཡོད། གོ་དོན་ཆུང་བའི་ངག་བརྡའི་དམངས་སྲོལ་ནི་དམངས་ཁྲོད་སྐད་ཆ་ཁོ་ན་སྟེ། སྨོན་ཚིག་ཁ་གཡང་། གཏམ་དཔེ། ཁེལ་ལྟ་བུ་སྐད་ཆ་ཐུང་གྲོས་ལ་གོ་དགོས་མོད། དེ་དག་ཀྱང་། དམངས་ཁྲོད་རྩོམ་རིག་ཏུ་གཏོགས་ཆོག དེ་ལས་གཞན་བརྗོད་བྱེད་ཀྱི་ཚིག་ཕྲེང་མང་ཞིང་བརྗོད་བྱ་ཅུང་རྙོག་འཛིང་ཡིན་པ་གླིང་སྒྲུང་དང་གཏམ་རྒྱུད། གླུ་དང་གཞས་སོགས་དམངས་ཁྲོད་རྩོམ་རིག་ལ་གཏོགས། གླིང་སྒྲུང་དང་དམངས་སྲོལ་རིག་གནས་བར་གྱི་འབྲེལ་བ་བཤད་སྐབས་ཀྱང་དེ་གཉིས་ཀྱི་བྱུང་དུས་འདྲ་བ་དང་བྱུང་ཡུལ་མཚུངས་པ། གདགས་གཞི་གཅིག་པ། ཁྱད་ཆོས་གཅིག་པ་བཅས་ཀྱི་འབྲེལ་བ་ཡོད་དེ། བོད་ཀྱི་གླིང་སྒྲུང་ནི་དམངས་ཁྲོད་རྩོམ་རིག་གླུ་དང་གཏམ་རྒྱུད་སོགས་ཀྱི་རྨང་གཞི་དང་ཤན་ཤུགས་ཆེན་པོའི་འོག་ནས་བྱུང་ཞིང་། གདོད་མའི་དུས་ཀྱི་དམངས་རྩོམ་གྱི་ས་བོན་དང་དེའི་ཆ་རྐྱེན་མེད་ན་བྱུང་ཐུབ་མེད་ལ། ལྷག་པར་དུ་གདོད་མའི་ངག་བརྡའི་དམངས་སྲོལ་གང་རུང་གི་མཐུན་རྐྱེན་འོག་བྱུང་བ་ནི་གཏན་ཚིག་དང་མཐུན། དེ་བས་ན་གླིང་སྒྲུང་ལྟ་བུའི་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་བྱུང་བའི་དུས་རིམ་ནི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས། དེ་ནས་རིག་པར་གྲུབ་པ་བཅས་ཀྱི་བྱུང་དུས་ཀུན་ནས་འདྲ་ལ། བྱུང་ཡུལ་ཀྱང་བོད་མི་རིགས་ཀྱི་དམངས་སྲོལ་རིག་གནས་གང་ནས་བྱུང་ན་གླིང་སྒྲུང་ཡང་དེ་ནས་འབྱུང་དགོས་ཏེ། རྒྱུ་མཚན་ནི་དེ་གཉིས་ཀྱི་བདག་པོ་བོད་མི་རིགས་ཡིན་པས་སོ། །བོད་ཀྱི་དམངས་སྲོལ་དང་གླིང་སྒྲུང་གང་ཡིན་ཡང་གཏམ་རྒྱུད་དང་ལྷ་སྒྲུང་། གླུ་དང་གཏམ་དཔེ་གང་རུང་གིས་གྲུབ་ཅིང་། གླིང་སྒྲུང་དུའང་བོད་ཀྱི་དམངས་སྲོལ་རིག་གནས་གང་མང་ཞིག་མཐོང་རྒྱུ་ཡོད་པས་དེ་གཉིས་ཀྱི་གདགས་གཞི་གཅིག་པར་འདུག གླིང་སྒྲུང་སོགས་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་གང་ཡིན་ཡང་ཁྱད་ཆོས་གཅིག་སྟེ། དེ་ལ་མི་རིགས་ཀྱི་ཁྱད་ཆོས་དང་བརྒྱུད་སྤེལ་གྱི་ཁྱད་ཆོས། ས་གནས་ཀྱི་ཁྱད་ཆོས་ལྡན་ནོ། །
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












