རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->> གྲུབ་འབྲས།
དམངས་རྩོམ་གྱི་གོ་དོན་དང་རིན་ཐང་ལ་སྦྲེལ་ཏེ་གེ་སར་སྒྲུང་ལ་དཔྱད་པ།༤
བཞི། དམངས་ཁྲོད་རྩོམ་རིག་དང་སྦྲེལ་ནས་གླིང་སྒྲུང་གི་རིན་ཐང་བཤད་པ
རྩོམ་པ་པོའི་རྩོམ་རིག་དང་བསྡུར་ནས་བཤད་ན་གླིང་སྒྲུང་སོགས་དམངས་ཁྲོད་རྩོམ་རིག་གི་བྱེད་ནུས་དང་ཕན་ཡོན་ནི་བསམ་གྱིས་མི་ཁྱབ། ལ་ལས་དམངས་ཁྲོད་རྩོམ་རིག་གི་བྱེད་ནུས་དང་ཕན་ཡོན་དག་ལ་དེའི་རིན་ཐང“价值”ཞེས་སྤྱི་སྡོམ་བྱེད་ཅིང་། དེ་ལ་བཀོལ་སྤྱོད་ཀྱི་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་། ཚན་རིག་གི་རིན་ཐང་བཅས་ནང་དོན་གསུམ་གྱིས་བསྡུས་ཡོད། དམངས་ཁྲོད་རྩོམ་རིག་གི་རིན་ཐང་བཤད་སྐབས་སུ་དེའི་ཕན་ནུས་ངེས་པར་གླེང་དགོས། དེའི་ལོ་རྒྱུས་ཀྱི་ཕན་ཡོན་དང་རྩེད་མཚར་གྱི་ཕན་ཡོན། སློབ་གསོའི་ཕན་ཡོན་སོགས་དམངས་ཁྲོད་རྩོམ་རིག་གི་རིན་ཐང་གྲུབ་བྱེད་ཀྱི་རྒྱུ་ཆ་ཡིན་པས་དེའི་རིན་ཐང་གླེང་ན་ཕན་ཡོན་ཞོར་དུ་གླེང་ཡོད་པས། གཤམ་ནས་དེའི་བྱེད་ནུས་དང་ཕན་ཡོན་སྤྱི་སྡོམ་གྱིས་རིན་ཐང་གླེང་བར་བྱའོ། །
གཅིག དམངས་རྩོམ་གླིང་སྒྲུང་གི་བཀོལ་སྤྱོད་རིན་ཐང་། སྤྱིར་དམངས་ཁྲོད་རྩོམ་རིག་ནི་དམངས་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ནས་གསར་སྐྲུན་དང་བརྒྱུད་སྤེལ་བྱས་ཤིང་། མཐར་མཇུག་འཚོ་བའི་ཁྲོད་དར་ཞིང་རྒྱས་པས་རིག་གནས་འཚོ་བར་ཕན་ནུས་བཟང་བོ་ཐོན་ཐུབ། ཐོག་མར་ཤེས་རྒྱུ་ནི་དམངས་ཁྲོད་རྩོམ་རིག་ནི་དམངས་ཀྱི་བསམ་བློའི་བརྩེ་དུང་དང་རེ་བའི་ཕུགས་འདུན་མཚོན་བྱེད་ཀྱི་ཐབས་ཤེས་བཟང་བོ་ཞིག་ཡིན། དམངས་ཀྱི་གསར་སྐྲུན་དགོས་མཁོ་དང་རྣམ་འགྱུར་མངོན་འགྱུར་བྱེད་པའི་ལག་ཆ་ཞིག་དང་། དམངས་ཁྲོད་བསམ་བློའི་བརྩེ་དུང་བརྗེས་རེ་བྱེད་པའི་སྒྱུ་རྩལ་རང་བཞིན་གྱི་ལག་ཆ་ཞིག་ཀྱང་ཡིན་པས། འདི་དག་ནི་དམངས་ཁྲོད་རྩོམ་རིག་གི་རྩ་བའི་བྱེད་ནུས་དང་ཕན་ཡོན་ཡང་ཡིན། དམངས་ཀྱི་འཚོ་བའི་ཁྲོད་ཀྱི་ཚོར་སྣང་དང་བསམ་གཞིག་ཉམས་མྱོང་། དགའ་ཁ་འཁྱེར་ཕྱོགས། དམངས་ཀྱི་རེ་འདུན་དང་ཕུགས་བསམ་སོགས་ཐམས་ཅད་དམངས་ཁྲོད་རྩོམ་རིག་ནང་མཚོན་ཆོག དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་སྒྲུང་གི་ནང་དོན་ལ་མཚོན་ནའང་བཙན་པོའི་མགོ་བོ་འགེམས་པའི་གནམ་ལྕགས་ཐོག་མདའ། གཉོམ་ཆུང་ལེགས་པར་སྐྱོང་བའི་དྲིན་ཅན་ཕ་མ། རང་ཡུལ་བདེ་བར་སྲུང་བའི་རྡོ་རྗེའི་ལྷ་དམག་སྟེ། གླིང་གེ་སར་ནོར་བུ་དགྲ་འདུལ་གྱིས་ཕྱོགས་གཞིའི་དགྲ་བཞི་བཏུལ་ནས་བོད་ཁམས་བདེ་ལ་བཀོད་ཅིང་། རྫོང་ཆེན་བཅོ་བརྒྱད་སོགས་ཕབ་ནས་མངའ་ཁོངས་རྒྱ་བསྐྱེད་པ། རིན་ཆེན་གཏེར་དགུ་བཏོན་ནས་དཔལ་འབྱོར་སྤེལ་ཞིང་སྒང་བ་བོད་ཀྱི་ཡུལ་ཁམས་ཕན་བདེའི་དཔལ་གྱིས་ལེགས་པར་བསྐྱངས་པའི་དཔའ་ཉམས་རིང་ལུགས་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྨད་བྱུང་སྙིང་སྟོབས་ལ་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེར་གཏོར་ཡོད། དེ་ནི་སྙན་རྩོམ་འདིའི་རླབས་ཆེ་བའི་བསམ་བློའི་རང་བཞིན་དུ་མངོན་ཞིང་། དེ་ཡིས་སྐབས་དེའི་དམངས་ཀྱི་ཕུགས་འདུན་དང་རེ་སྙེག་མངོན་པར་མཚོན་ཐུབ། དུས་རབས་བཅུ་བའི་སྔ་རྗེས་ཀྱི་བོད་ཀྱི་ལོ་རྒྱུས་ནི་གཅིག་གྱུར་གྱི་རྒྱལ་བོ་མེད་པར་ཡུལ་ཁོངས་དང་ཚོ་བ་བཅད་བཟུང་གིས་ཁ་འཐོར་དུ་གནས་ཤིང་། གྲུབ་མཐའ་དང་ཡུལ་སྡེ་བར་འཁྲུག་རྩོད་མང་བོའི་དུས་སྐབས་ཤིག་ཡིན་པས། མི་དམངས་ཀྱིས་དུས་འཇགས་ཞི་བདེ་དང་ཕྱུག་འགྱུར་འབྱོར་ལྡན་གྱི་རྒྱལ་ཁབ་ཅིག་དང་རྒྱལ་བོ་ཞིག་ཡོད་འདོད་ཀྱི་འདུན་པ་དེ་གླིང་སྒྲུང་བརྒྱུད་དེ་མཚོན་ཡོད་དོ། །
གླིང་སྒྲུང་སོགས་དམངས་ཁྲོད་རྩོམ་རིག་ཁ་ཤས་ནི་ངལ་རྩོལ་བྱེད་སྐབས་འཁྲབ་སྟོན་བྱེད་ཆོག་སྟེ། ངལ་རྩོལ་གྱི་སྤྲོ་སྣང་དང་གྲུབ་འབྲས་ལ་རམ་འདེགས་བྱེད་ཐུབ། གླིང་སྒྲུང་ལྟ་བུའི་དམངས་ཁྲོད་རྩོམ་རིག་གིས་དུས་རྒྱུན་སྤྱི་ཚོགས་འཚོ་བའི་ཁྲོད་སྤྲོ་འཆམ་དང་ཁམས་གསོའི་ཕན་ནུས་ཀྱང་ཐོན་ཐུབ། གནའ་བོའི་དུས་སུ་བོད་མི་རྣམས་ཀྱིས་ངལ་གསོའི་སྐབས་སུ་གླིང་སྒྲུང་བཤད་པ་དང་འབེ་གར་བཤད་པ། བྱིས་པ་རྣམས་ཀྱིས་གནའ་གཏམ་དང་ཁེལ་བཤད་པ་བཅས་ཀྱིས་ཁམས་གསོ་སྤྲོ་སྐྱིད་ཀྱི་རིག་གནས་འཚོ་བ་རོལ་བཞིན་ཡོད་པས་ཀྱང་ཤེས་ཐུབ་པས། དེ་ལ་མཛེས་རྟོག་དང་རྩེད་མཚར་གྱི་ཕན་ཡོན་ཞིག་ཀྱང་ལྡན་ཡོད། གླིང་སྒྲུང་སོགས་ལས་རང་རིགས་ཀྱི་བྱུང་རབས་ལོ་རྒྱུས་དང་སྤྱི་ཚོགས་ཤེས་བྱ་མི་ཉུང་བ་ཞིག་ཉར་ཚགས་དང་བརྒྱུད་སྒྲོག་བྱས་ཡོད་པས་དེ་ལ་ལོ་རྒྱུས་ཀྱི་ཕན་ཡོན་ནམ་རིན་ཐང་ལྡན། གླིང་སྒྲུང་དུ་བོད་ཀྱི་དམངས་སྲོལ་རིག་གནས་མང་བོ་ཞིག་སྟེ། གྱོན་ཆས་དང་ཟས་རིག་དམག་འཐབ་དང་སྤྱི་ཚོགས་སྒྲིག་གཞི་སོགས་མང་བོ་མཐོང་ཐུབ་པ་མ་ཟད། བདེན་རྫུན། ཡག་བཙོག བཟང་ངན་གྱི་བླང་དོར་སྟོན་ལ། འཚོ་བའི་ཤེས་བྱ་དང་ཐོན་སྐྱེད་ཀྱི་ཤེས་བྱ་སོགས་ཀྱང་མང་པོ་ཤེས་ཐུབ་པས་དེ་ལ་སློབ་གསོའི་ཕན་ཡོན་ནམ་རིན་ཐང་ཡང་ལྡན་ནོ། །
གཉིས། དམངས་རྩོམ་གླིང་སྒྲུང་གི་སྒྱུ་རྩལ་རིན་ཐང་། དམངས་ཁྲོད་རྩོམ་རིག་ལ་ཚད་མཐོ་བའི་སྒྱུ་རྩལ་གྱི་གྲུབ་འབྲས་དང་སྒྱུ་རྩལ་རོལ་མྱོང་གི་རིན་ཐང་ལྡན། དམངས་ཁྲོད་རྩོམ་རིག་གི་སྒྱུ་རྩལ་རིན་ཐང་གཙོ་བོ་རྩོམ་རིག་གི་རིན་ཐང་ཡིན། དེ་བས་ཀྱང་རྩོམ་རིག་སྐད་ཆའི་རིན་ཐང་ཡིན། གླིང་སྒྲུང་སོགས་དམངས་རྩོམ་གང་ཞིག་ལ་མཚོན་ནའང་དེ་དག་གི་བྱ་བ་གང་ཡང་རུང་བ་ཞིག་ཚུར་སྣང་བྱེད་དུས་སུ་ཕལ་ཆེར་དཔེ་འགོད་བརྒྱུད་ནས་དྲང་ཕྱོགས་ལྡོག་ཕྱོགས་ཀྱི་སྣང་བརྙན་ཞིག་ཚུར་སྣང་བྱེད་པ་ཡིན་ལ། མི་རིགས་རང་ཉིད་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་པའི་ཉི་ཟླ་སྐར་གསུམ་སོགས་ཀྱི་དཔེ་བརྒྱུད་ནས་མི་རིགས་འདིའི་སེམས་ཁམས་ཤིག་གམ་དགའ་ཕྱོགས་ཤིག་སྟེ། མདོར་ན་ཐུན་མོང་མ་ཡིན་པའི་མཛེས་རྟོག་གི་འཇིག་རྟེན་ཕུན་སུམ་ཚོགས་པ་ཞིག་མངོན་བཞིན་ཡོད་ལ། མི་རྣམས་ཀྱིས་ཀྱང་དེའི་སྒྱུ་རྩལ་གྱི་འགུགས་ཤུགས་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་ནང་དོན་དང་ངོ་མཚར་ཕུལ་དུ་ཕྱིན་པའི་མཛེས་རྟོག་གི་རོ་བརྒྱ་སྟེ་སྒྱུ་རྩལ་གྱི་རོ་མཆོག་ཉམས་སུ་མྱོང་བཞིན་ཡོད། །
གླིང་སྒྲུང་ལ་མཚོན་ན་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ལས་གཞན་གླུ་གར་གྱི་སྒྱུ་རྩལ་མཉམ་འཛོམས་སུ་ཡོད་དེ། དེང་སྐབས་གླིང་སྒྲུང་ལས<<ཧོར་གླིང་གཡུལ་འགྱེལ>>དང<<འཇང་ཕྲུག>>སོགས་ཀྱི་ཟློས་གར་འཁྲབ་སྟོན་བྱེད་བཞིན་ཡོད། སྔོན་དུས་རྙིང་མའི་དགོན་པ་སོ་སོ་ན་གེ་སར་འཆམ་རྩེད་པའི་སྲོལ་རྒྱུན་ཡང་དེང་སྐབས་མ་ཉམས་པར་ཡོད། དེ་བས་དེང་སྐབས་གེ་སར་རྒྱལ་པོའི་སྒྲུང་འཁྲབ་གཞུང་ཡིན་པའི་ཟློས་གར་ལ་དགོན་པའི་ཟློས་གར་དང་གར་སྟེགས་ཟློས་གར་ཞེས་རིགས་གཉིས་སུ་དབྱེ་ཡོད་པས་ཟློས་གར་སྒྱུ་རྩལ་གྱི་རིན་ཐང་ཡོད་པ་མ་ཟད། གླིང་སྒྲུང་ལྟ་བུའི་དམངས་རྩོམ་ནི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་ཞིང་ཕུན་སུམ་ཚོགས། ཕུལ་དུ་བྱུང་བའི་བསམ་བློ་དང་སྒྱུ་རྩལ་རིན་ཐང་ཡོད་པས་རྩོམ་རིག་གཞུང་ལུགས་ཀྱི་ཞིབ་འཇུག་བྱ་ཡུལ་དུ་བཞག་ནས་དེའི་སྒྱུ་རྩལ་ལ་འཚོལ་ཞིབ་བྱེད་བཞིན་ཡོད། དམངས་ཁྲོད་རྩོམ་རིག་གི་མཚོན་ཐབས་དང་སྐད་ཆའི་སྒྱུ་རྩལ་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཐུབ་ལ། དེ་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་ཡིན། གླིང་སྒྲུང་གི་དངོས་ཡོད་འཚོ་བ་དང་འཆར་ཡན་རིང་ལུགས་ཟུང་དུ་སྦྲེལ་བའི་སྒྱུ་རྩལ་མཚོན་ཐབས་ཁོ་ནས་སྟེང་བལྟས་ནའང་ངོ་མཚར་བ་ཞིག་འདུག གླིང་སྒྲུང་ནི་གངས་ཅན་བོད་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་གཞིར་བཟུང་ནས་བརྩམས་པའི་སྙན་རྩོམ་རིང་མོ་ཞིག་ཡིན་པས། སྐབས་དེར་འཚོ་ཞིང་གཞེས་པའི་བོད་མིའི་འཚོ་བའི་སྤྱོད་སྟངས་དང་ཡུལ་སྲོལ་གོམས་གཤིས། བསམ་བློ་འདུ་ཤེས། ཆོས་ལུགས་འདུ་ཤེས། དཔལ་འབྱོར་མངའ་ཐང་སོགས་དངོས་ཡོད་ཀྱི་འཚོ་བའི་རྣམ་པ་དེ་མེ་ལོང་ལ་གཟུགས་བརྙན་བཞིན་མངོན་པར་མཚོན་ཡོད་ལ། འཐབ་འཛིང་གི་སྙིང་སྟོབས་དང་རྒྱལ་གཅེས་ཀྱི་བསམ་པ། རྨད་བྱུང་བློ་གྲོས་དང་རྣམ་དཀར་ལྷག་བསམ་ལྡན་པའི་བོད་རིགས་མི་དམངས་ཀྱི་རྨད་བྱུང་གཟུག་བརྙན་ནི་གསོན་ཉམས་ལྡན་ལ་འགྲེང་ཚུགས་ཡོད་པའི་སྒྱུ་རྩལ་མཚོན་ཐབས་ཀྱི་སྒོ་ནས་ཞིབ་འབྲི་མཛད་ཡོད། དེ་ལྟར་ཞིབ་འབྲི་མཛད་པའི་རྣམ་པ་དེ་ནི་ཁ་བ་རི་བའི་དངོས་ཡོད་ཀྱི་འཚོ་བ་དང་འཐབ་རྩོད་ཀྱི་བརྒྱུད་རིམ་ཞིག་ཡིན་ལ། བོད་མི་རིགས་ཀྱི་དངོས་ཡོད་ཀྱི་འཚོ་བའི་བརྒྱུད་རིམ་དེ་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་ལེགས་པར་མཚོན་སླད། དངོས་ཡོད་ཀྱི་འཚོ་བ་དེ་དངོས་ཡོད་འཚོ་བ་ལས་འདས་པའི་རྟོག་པ་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་དང་ཟུང་དུ་སྦྲེལ་ནས་བརྩམས་པས་ན། དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་འདི་ལ་དངོས་ཡོད་རིང་ལུགས་ཀྱི་རོ་སྣུམ་པ་མ་ཟད། རྟོག་པ་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་གྱིས་ཀྱང་ཀུན་ནས་ཕྱུག་གོ །
གསུམ། དམངས་རྩོམ་གླིང་སྒྲུང་གི་ཚན་རིག་རིན་ཐང་། དམངས་ཁྲོད་རྩོམ་རིག་གིས་ནང་བཅུད་ཀྱི་སེམས་ཅན་གྱི་བསམ་བློ་དང་ལྟ་བ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ངོས་འཛིན་དང་ཉམས་མྱོང་སོགས་མ་ལུས་པར་དམངས་ཀྱི་འཚོ་བའི་ལོ་རྒྱུས་ཁྲོད་ཟིན་བྲིས་སུ་བཀོད་འདུག འདི་དག་ནི་ཡིག་ཐོག་གླེགས་བམ་ན་མེད་ལ་རིག་ཚན་མང་པོ་ཞིག་གི་སྒོ་འབྱེད་འཕེལ་རྒྱས་ལ་མཁོ་བའི་རིན་ཐང་གཞལ་དུ་མེད་པའི་རྒྱུ་ཆ་ཡིན་པས་ཚན་རིག་དང་མཐུན་པའི་རིན་ཐང་ལྡན། དམངས་ཁྲོད་རྩོམ་རིག་ལ“ངག་ཐོག་གི་ལོ་རྒྱུས”ཞེས་པའི་མིང་ཡང་ལྡན། ལོ་རྒྱུས་རྒྱུ་ཆ་མང་པོ་དང་ལྷག་པར་ལོ་རྒྱུས་མེད་པའི་སྔོན་གྱི་རྒྱུ་ཆ། དུས་རབས་འདྲ་མིན་གྱི་དམངས་ཀྱི་རིག་གནས་འཚོ་བའི་རྒྱུ་ཆ་དག་ཡིག་ཐོག་གླེགས་བམ་ན་ཧ་ཅང་མྱོང་བས་ལོ་རྒྱུས་རིག་པའི་སྟེང་ནས་བལྟས་ན་ཁ་སྐོང་གི་རིན་ཐང་ལྡན། རྒྱའི་ཟི་མ་ཆིན་གྱི<<ལོ་རྒྱུས་ཟིན་ཐོ·རྒྱལ་བོ་ལྔའི་སྐབས>>ཞེས་པའི་རྒྱལ་བོ་ལྔའི་ལོ་རྒྱུས་ཀྱང་གཙོ་བོ་ལྷ་སྒྲུང་དང་ངག་རྒྱུན་གྱི་རྒྱུ་ཆར་བརྟེན་ནས་བྲིས་པ་ཞིག་རེད། གླིང་སྒྲུང་ལས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྤྲུལ་བ་གེ་སར་རྒྱལ་པོ་ཡིན་པར་བཤད་ཚུལ་ཡོད་ལ། ཁྲི་སྲོང་ལྡེ་བཙན་གྱི་མཛད་རྗེས་ལོ་རྒྱུས་མང་པོ་ཞིག་གེ་སར་ནོར་བུ་དགྲ་འདུལ་གྱི་སྟེང་ལ་སྦྱར་ནས་བཤད་འདུག དེ་ལས་ང་ཚོས་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་མང་པོ་ཞིག་སྔོག་འདོན་བྱེད་ཐུབ་པའང་དེའི་ཚན་རིག་གི་རིན་ཐང་ཕྱིར་མངོན་པ་མ་ཡིན་ནམ། གཞན་བོད་སིལ་བར་ཐོར་བའི་སྐབས་ཀྱི་ཚོ་ཁག་བར་གྱི་དམག་འཁྲུག་དང་དམངས་ཀྱི་གནས་བབ་སོགས་ཀྱང་ཤེས་ཐུབ། །
དམངས་ཁྲོད་རྩོམ་རིག་ལས་དམངས་ཀྱིས་དུས་རབས་མང་པོར་གསོག་འཇོག་བྱས་པའི་ཉམས་མྱོང་རང་བཞིན་གྱི་ཤེས་བྱ། རང་བྱུང་སྣང་ཚུལ་གྱི་ངོས་ཟིན་དང་རང་བྱུང་ཆོས་ཉིད་སྤྱི་སྡོམ། རང་ཉིད་ཀྱི་ངལ་རྩོལ་ལས་རིགས་དང་འཚོ་སྡོད་ཀྱི་ནུས་པ་བཅས་ཚུར་སྣང་བྱས་ཡོད། དེ་བས་དམངས་ཁྲོད་རྩོམ་རིག་ནི་མིའི་རིགས་ཀྱིས་ཚན་རིག་ལག་རྩལ་གྱི་ཤེས་བྱ་རྒྱུས་ལོན་བྱེད་པའི་ཐབས་ཆས་ཉག་གཅིག་དང་། རང་བྱུང་ཚན་རིག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚོའི་རྒྱུ་ཆ་གཙོ་བོ་ཞིག་ཀྱང་རེད། དེང་སྐབས་གླིང་སྒྲུང་ལྟ་བུའི་དམངས་ཁྲོད་རྩོམ་རིག་ལ་བརྟེན་ནས་རང་བྱུང་དང་མིའི་བར་གྱི་འབྲེལ་བ་ཅི་ལྟར་ཐག་གཅོད་བྱེད་པ་དང་། སྐྱེས་ཁམས་ཁོར་ཡག་སྲུང་སྐྱོང་གི་ཐབས་ལམ་འཚོལ་བཞིན་ཡོད་པ་མ་ཟད་འདིའི་ཕྱོགས་ཀྱི་དཔྱད་རྩོམ་ཡང་མང་པོ་སྤེལ་བཞིན་འདུག དམངས་ཁྲོད་རྩོམ་རིག་ལ་ཚན་རིག་གི་རང་བཞིན་ཡོད་ཟེར་དོན་ཡང་ཚན་རིག་ལ་རིགས་གཉིས་བགར་བ་ལ་དམངས་ཁྲོད་རྩོམ་ཁོ་རང་རང་བྱུང་ཚན་རིགས་སུ་གཏོགས་ཀྱང་། དེ་ལས་རང་བྱུང་ཚན་རིག་གི་འཇིག་རྟེན་ཆགས་ཚུལ། གནམ་གཤིས་ཀྱི་འགྱུར་ལྡོག མིའི་སྐྱེ་རྒ་ན་འཆི་སོགས་མང་བོ་བསྟན་ཡོད་པས་ཡིན་ལ། གླིང་སྒྲུང་ལས<<ཙ་རི་སྨན་རྫོང>>དང<<དམྱལ་གླིང>>སོགས་ནི་དེའི་དཔེ་མཚོན་དུ་འཇོག་ཆོག དམངས་ཁྲོད་རྩོམ་རིག་ལས་དམངས་ཀྱི་རེ་འདུན་དང་གོམས་སྲོལ་ག་འདྲ་ཡིན་པ་ཤེས་པས། སྲིད་དོན་གཉེར་མཁན་དང་མིའི་རིགས་རིག་པའི་ཤེས་ལྡན་པ་དག་གིས་མི་དམངས་རིག་གནས་འཚོ་བ་རྒྱུས་ལོན་ཀྱི་འབྱེད་པར་ཡང་རོགས་རམ་བྱེད་ཐུབ། མིའི་རིགས་རིག་པ་ནི་བརྗོད་བྱ་སྣ་ཚོགས་འཛོམས་པའི་རིག་ཚན་ཞིག་ཏེ། གནའ་རྫས་རིག་པ། གཟུགས་གཞི་མིའི་རིག་པ། རིག་གནས་མིའི་རིགས་རིག་པ། སྤྱི་ཚོགས་མིའི་རིག་པ། བརྡ་སྤྲོད་མིའི་རིགས་རིག་པ་སོགས་ནི་དེའི་ཡན་ལག་རིག་ཚན་ཡིན། དེ་ནི་རིག་གཞུང་ཚན་ཁག་ཅིག་ཡིན་པའི་ཆ་ནས། མིའི་རིགས་རིག་པ་ནི་ཆབ་སྲིད་རིག་པ་དང་། སྤྱི་ཚོགས་རིག་པ། སེམས་ཁམས་རིག་པ་སོགས་དང་འབྲེལ་བ་དམ་ཞིང་། རང་བྱུང་ཚན་རིག་ཁྲོད་ཀྱི་སྐྱེས་དངོས་རིག་པ་སོགས་དང་ཡང་འབྲེལ་བ་ཡོད། དེ་ལས་མིའི་རིགས་རིག་པ་བ་རྣམས་ཀྱིས་ལྷ་སྒྲུང་དང་གླིང་སྒྲུང་སོགས་ཀྱི་བཤད་རྒྱུན་དེ་དག་ཞིབ་འཇུག་བྱ་ཡུལ་དུ་བཟུང་ཡོད། དམངས་ཁྲོད་རྩོམ་རིག་ལས་མི་དམངས་ཀྱི་ངག་ཐོག་ན་གནས་པའི་སྲིད་པ་ཆགས་རབས་སོགས་ལ་བརྟེན་ནས“འགྱུར་རྡོ་གསོན་པོ”ཞེས་པའི་ལྟ་བ་བཏོན་པ་རེད།
དམངས་སྲོལ་རིག་པ་ནི་དམངས་ཁྲོད་བརྒྱུད་འཛིན་རིག་གནས་ལ་ཞིབ་འཇུག་བྱེད་པའི་མིའི་རིག་གནས་ཀྱི་རིག་གཞུང་ཚན་ཁག་གལ་ཆེན་ཞིག་ཡིན། གླིང་སྒྲུང་ལས་བོད་ཀྱི་དམངས་སྲོལ་མང་པོ་ཞིག་མཐོང་ཐུབ་པས་དེང་རབས་ན་གཞོན་ཞིབ་འཇུག་པ་སྒང་རྒྱལ་མཚན་ཚེ་རིང་མཆོག་གིས<<དམངས་སྲོལ་རིག་པ་དང་གེ་སར་དམངས་སྲོལ་རིག་གནས་སྤྱི་བཤད>>ཅེས་པའི་དཔེ་ཆ་ཞིག་ཀྱང་བརྩམས་ཡོད། བོད་ཀྱི་གྱོན་ཆས་དང་ཟས་རིགས། འདུག་ས་དང་སྤྱོད་ལམ། གཉེན་སྒྲིག་དང་དུར་མཆོད་སོགས་གོམས་སྲོལ་འདི་རིགས་ནི་དམངས་ཁྲོད་ངག་ཐོག་རྩོམ་རིག་དང་ཕན་ཚུན་འདྲེས་ཤིང་། གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་མཛེས་ཉམས་ཕུན་སུམ་ཚོགས་པའི་བསམ་པའི་དངོས་པོར་གྱུར་ཡོད། དེའི་ཕྱིར་དམངས་སྲོལ་ཞིབ་འཇུག་བྱེད་དུས་དམངས་ཁྲོད་རྩོམ་རིག་དང་འབྲལ་ཐབས་མེད་པའི་ཚན་རིག་རང་བཞིན་གྱི་འབྲེལ་བ་ཞིག་ཡོད་དོ། །
ཟུར་ལྟའི་དཔེ་ཆ།
༡.<<བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ>>འབའ་སྟོད་པདྨ་དབང་རྒྱལ། བཅུད་རྫ་གཡང་མོ་སྐྱིད་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་།
༢.<<中国民间文学概论>>黄涛 编著,中国人民大学出版社
༣.<<民俗学概论>>王娟 编著 北京大学出版社
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












