 |
རྒྱ་ནག་མ་ཎིའི་རྡོ་མཁར་དང་སེབ་པ་དགོན་པའི་གེ་སར་གྱི་ཤུལ་རྟེན། |
| རྩོམ་པ་པོ། |
གཅོད་པ་དོན་གྲུབ། བསོད་རྒྱལ་འབུམ། |
| རྩོམ་སྒྲིག་པ། |
ཆབ་འགག་ཇོ་རུ། |
| ཡོངས་ཁུངས། |
ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བ། |
| དུས་ཚོད། |
2009-6-28 |
| >>རྩོམ་ཡོངས་ཀློག་པ། |
རྒྱ་ནག་མ་ཎིའི་རྡོ་མཁར་དེ་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་ནས་ཕྱིར་སོང་ན་སྤྱི་ལེ་གསུམ་ཙམ་གྱི་ཚད་ན་ཡོད་ཅིང་། ང་ཚོ་སྐྱེ་རྒུ་གྲོང་རྡལ་ལ་སླེབས་པའི་ཉིན་དེར་ཡང་ལམ་ཁ་ནས་མཐོང་ཡོད་མོད། གནས་ཚུལ་རྒྱུས་ལོན་བཟང་པོ་བྱེད་ཆེད་ཕྱི་ཉིན་གཟས་ནས་སྣེ་ཁྲིད་མི་སྣ་གདན་ཞུས་ཏེ་གནས་མཇལ་ལ་སོང་བ་ཡིན། རྡོ་མཁར་གྱི་གཡས་གཡོན་ན་ཕྱག་བསྐོར་བྱེད་པའི་མཇལ་བ་དང་གནས་བསྐོར་ལ་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་བཅས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་བཞིན་ཡོད་དེ། མགྲོན་པོ་ཀུན་གྱིས་མ་ཎི་རྡོ་འབུམ་གྱི་དར་རྒྱས་ལ་སེམས་ཁུར་དང་དེའི་འཛུགས་སྐྲུན་ལ་བྱས་རྗེས་འཇོག་པ། ཡང་ན་དམ་པའི་ཆོས་ཀྱི་དགེ་རྩ་སྒྲུབ་པ་བཅས་དམིགས་ཡུལ་མི་འདྲ་ནའང་། མི་རེ་ཡིས་མ་ཎི་རྡོ་བརྐོས་མའི་ཚོང་ར་ལས་རྡོ་རེ་ཉོས་ནས་རྡོ་མཁར་གྱི་སྟེང་འཇོག་པ་ནི་མ་སྐུལ་དེང་ལེན་ཡིན་ལ། དེ་ལས་མ་ཎི་རྡོ་བརྐོས་མ་ཉོས་ཏེ་དྲན་རྟེན་གྱི་ཚུལ་དུ་ཡུལ་ལ་འཁྱེར་བ་བཅས་ལ་བལྟས་ན། མ་ཎི་རྡོ་མཁར་འདི་ཡིས་ཀུན་གྱི་ཡིད་དབང་འཕྲོག་ཅིང་དད་པའི་རྒྱུད་དུ་སྨིན་ཡོད་པ་ཤེས་ཐུབ། རྒྱ་ནག་མ་ཎི་ནི་སྤྱི་ལོ1700ལོར་རྒྱ་ནག་པ་སྟོབས་ལྡན་སངས་རྒྱས་ཕན་ཡོན་ནམ་རྒྱ་ནག་བླ་མ་ཞེས་པ་དེས་བཞེངས་ཤིང་། ཤར་ནུབ་རིང་ཚད་ལ་རྨིས283དང་། རྡོ་བརྐོས་འབུམ20ལྷག་བཅས་ཀྱིས་གྲུབ་ཡོད་པས་རྔམ་བརྗིད་ལྡན་པའི་མ་ཎི་རྡོ་བརྐོས་རི་བོ་ཆུང་ཆུང་ཞིག་ཏུ་གྱུར་ཡོད། འགྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་ལས་བཤད་པ་ལྟར་ན། རྒྱ་ནག་མ་ཎི་འདི་གསར་གཏོད་པ་རྒྱ་ནག་སྤྲུལ་སྐུ་རྟོགས་ལྡན་བྱང་ཆུབ་འཕགས་དབང་མཆོག་ནི་སྐུ་ན་ཕྲ་བའི་དུས་ནས་སངས་རྒྱས་ཆོས་ལ་དད་པའི་བླ་མེད་སྤྲུལ་སྐུ་ཞིག་ཡིན་པ་མ་ཟད། སྔ་གཞུག་ཏུ་རྒྱ་ནག་གླིང་ཆེན་འགྱིང་རི་དང་རི་བོ་རྩེ་ལྔ་སོགས་གནས་མཆོག་ནས་ལོ་ངོ་ཉི་ཤུའི་རིང་ལ་ནང་བསྟན་གཞུང་ལ་སྦྱངས་བརྩོན་མཛད། བགྲང་བྱ290སྔོན་ནས་དཀར་པོ་སྤྲིན་ལ་བཅིབས་ཏེ་ཀྱཻ་སྐུའི་སེང་ཟེ་སྡེ་བར་བྱོན། ཆུ་མིག་དྭངས་མོ་ཞིག་གི་འགྲམ་ནས་འབྲུ་དྲུག་རང་བྱོན་ཡིན་པའི་རྡོ་ཞིག་རྙེད་པར་རྟེན་འབྲེལ་འགྲིག་ནས། ས་དེར་མ་ཎིའི་རྒྱ་མཁར་ཆེན་པོ་ཞིག་འཛུགས་རྒྱུའི་ཕུགས་ཐག་བཅད་པ་དང་ཆབས་ཅིག་སངས་རྒྱས་ཆོས་ཀྱི་བསྟན་པ་སྤེལ་འགོ་བརྩམས། དེ་ནས་གྲྭ་བ་དང་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོས་རྡོ་ལ་འབྲུ་དྲུག་བརྐོ་བའི་དར་སྲོལ་ཞིག་ཆགས་པ་རེད། བཅིངས་འགྲོལ་སྐབས་སུ་རྒྱ་མཁར་དེར་རྡོ་ལེབ་དུང་ཕྱུར་ཉེར་ལྔ་ཡོད་པར་གསུངས་སོ། ། དེ་ནས་འབྲུ་ཆུ་བརྒལ་དེ་ཤར་ཕྱོགས་སུ་སྤྱི་ལེ་ཉེར་དགུའི་མཚམས་སུ་སོང་ན་ཁྲི་འདུ་རྫོང་ཁོངས་ཡིན་པའི་སེབ་པ་དགོན་ཆེན་ཡོད་དེ། འདི་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ་ཅིང་། སེབ་པ་བཀའ་ཆེན་སྐུ་ཕྲེང་རིམ་པ་བླ་མར་བཞུགས་པའི་ས་སྐྱའི་གྲུབ་མཐའ་འཛིན་པའི་ནང་བའི་དགོན་སྡེ་ཞིག་ཡིན་ལ། རི་བོ་ཆུང་ཆུང་ཞིག་གི་སྐེད་ན་མཛེས་སྡུག་ལྷང་ངེར་བཞེངས་ཡོད་དེ། གཡས་གཡོན་ནགས་ཚལ་སྟུག་ཅིང་འདབས་སུ་གཙང་བོ་ཤག་ཤག་བཞུར་བའི་གནས་སྐྱིད་པོ་ཞིག་ན་ཡོད། དགོན་སྡེའི་གྲྭ་བ་ཚོས་བཤད་པ་ལྟར་ན་ནགས་ཚལ་ཏུ་ཤྭ་བ་འབྲོང་དང་རི་དྭགས། དྲེལ་མོ་དང་སྟག་སོགས་གཅན་གཟན་མང་པོ་ཡོད་པར་བཤད་ལ། དགོན་པའི་ནང་འབྲོང་དང་མཛོ། ཤྭ་བ་དང་གཉན། རྣ། དགོ་བ། དྲེལ་མོ་དང་གཟིག གཡུ་གར། སྒོ་ཁྱི། དུག་སྦྲུལ་སོགས་ཀྱི་པགས་པའི་གླུད་གཟུགས་མང་པོ་བཙན་ཁང་དུ་བཞུགས་ཡོད་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། གྱང་ངོས་ལ་དཀར་པོ་དང་དམར་པོའི་རྩི་བྱུག་པའི་གྲྭ་ཤག་མང་པོའང་ཕྲེང་བར་ཡོད། དེའི་རྟེན་གཙོ་བོ་ལ་གེ་སར་རྒྱལ་པོའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་གསེར་ཟངས་ཀྱི་སྐུ་སུམ་ཐོག་གི་མཐོ་ཚད་ཅན་ཞིག་ཡོད་ལ། འདུ་ཁང་གི་གཡོན་ངོས་ཀྱི་རི་ངོས་ན་བསྐྲུན་པའི་སྣང་སྲིད་ཟིལ་གནོན་ལྷ་ཁང་ནང་གི་འོག་ཁང་ནང་གུ་རུ་རིན་པོ་ཆེ་དང་མཐའ་འཁོར་ན་གུ་རུ་མཚན་བརྒྱད་བཅས་བཞུགས་ཤིང་། དེའི་ཉིས་ཐོག་ཏུ་གུ་རུ་སྟོང་སྐུའི་ལྷ་ཁང་ཡིན་ཏེ། སློབ་དཔོན་པདྨའི་གུ་རུ་སྟོང་སྐུའི་དཀྱིལ་ན་གེ་སར་རྒྱལ་པོ་རྐྱང་རྒོད་འཕེར་བ་ལ་བཅིབས་ཤིང་། འཁོར་གསུམ་ལུས་ལ་རྫོགས་ཤིང་དར་མདུང་ཕྱག་ལ་ཐོགས་པའི་སྐུ་མཐོ་ཚད་ལ་ཕལ་ཆེར་རྨིས་གཅིག་དང་ཕྱེད་ཡོད་པ་ཙམ་ཞིག་བཞེངས་ཡོད་དེ། དེ་ཡིས་ང་ཚོ་གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་མཁན་ཚོར་དད་པའི་སྤུ་ལོང་རྒྱས་ཤིང་དགའ་བའི་འཛུམ་མདངས་བཀྲ་པར་བཅུག་ཅིང་། དེ་ལས་ཀྱང་དེའི་འགྲམ་ན་ཡོད་པའི་གནའ་རྫས་བཤམས་སྟོན་ཁང་ནི་ང་ཚོའི་འདོད་ཐོག་ལ་རྟ་རྒྱུག་པ་ཡིན་ཏེ། གནའ་རྫས་བཤམས་སྟོན་ཁང་ནི་ཉིས་ཐོག་ཅིག་ཡིན་ལ། འོག་ཁང་ན་འབྲོག་པའི་ཡོ་བྱད་སོགས་དམངས་སྲོལ་རིག་རྫས་བཤམས་སྟོན་བྱས་ཡོད། ཉིས་ཐོག་སྟེང་ང་ཚོའི་དམིགས་བྱར་གྲུབ་པའི་གེ་སར་རྒྱལ་པོའི་ཤུལ་རྟེན་ཏེ། གེ་སར་རྒྱལ་པོའི་སྐབས་ཀྱི་གནའ་རྫས་ལྕགས་ཁྲབ་དང་ལྕགས་རྨོག མདའ་གཞུ་དང་མདུང་སོགས་མང་པོ་ཡོད་ལ། དེ་ལས་ཀྱང་ངོ་མཚར་བ་ཞིག་ནི་གེ་སར་གྱི་རལ་གྲི་བཏབ་པ་ལན་མེད་ཀྱི་མིང་བཏགས་ཡོད་པའི་གྲི་རིང་དེ་ཡིན་ཏེ། གྲི་རིང་དེའི་ཚད་ལ་རྨིས1.95ཡོད་ལ། ཞེང་ཚད་ལིས་རྨིས0.06ཡོད་དེ། གྲིའི་སྣེ་མོ་ལ་གསེར་མདོག་གི་མེ་རུ་བྲིས་ཡོད་དེ། གྲི་ཡོ་གོས་རས་སྣ་ཚོགས་ཀྱི་ཚར་རྒྱན་གྱིས་བརྒྱན་ཡོད་པས་ཞིབ་འཇུག་གི་རིན་ཐང་བཟང་བོ་འདུག བཤད་པ་ལྟར་ན་དགོན་པའི་སྤྲུལ་སྐུ་རིན་ཆེན་ཚེ་རིང་ལགས་ཀྱིས་རིག་གནས་གོལ་ཆག་གི་རྗེས་སུ་བོད་ལྗོངས་གཞིས་ཀ་རྩེ་ནས་རྙེད་པ་ཡིན་པར་གསུངས། གཞན་བྱ་རྒྱལ་ཁྱུང་གི་སྡེར་མོ་དང་ཤྭ་བ་རྭ་ལེབ་ཀྱི་རྭ། བྱེ་མ་ཨ་གྲོང་གི་སྐུ་བརྙན་སོགས་རྟེན་གཞན་ན་མེད་པའང་མཐོང་རྒྱུ་ཡོད་དོ། ། |
རྩོམ་གོང་མ། 没有信息了! རྩོམ་ཞོལ་མ། 没有信息了!